གཅིག་བསྡུས་ལོགས་བཀར་བྱེད་སྐབས་གང་དག་ལ་དོ་སྣང་བྱེད་དགོས།
དུས་ཐོག་ཏུ་པྲོག་གསར་གློ་ཚད་ཀྱི་ནད་དཔེ་དང་ནད་རྟགས་མེད་པའི་འགོས་ནད་ཅན་གྱི་འབྲེལ་འདྲིས་དམ་ཟབ་བྱེད་མཁན(བསྡུས་མིང་ལ་ཟབ་འབྲེལ)དང་འབྲེལ་འདྲིས་དམ་ཟབ་བྱེད་མཁན་ལ་འབྲེལ་འདྲིས་དམ་ཟབ་བྱེད་མཁན(ཟབ་འབྲེལ་ཕལ་བ་ཡང་ཟེར)བཅས་ལ་གྲལ་བཤེར་བྱ་རྒྱུ་ནི། སྔ་མོ་ནས་ཤེས་རྟོགས་དང་སྔ་མོ་ནས་སྙན་སེང་ཞུ་བ། སྔ་མོ་ནས་ལོགས་བཀར་བྱེད་པ། སྔ་མོ་ནས་སྨན་བཅོས་བྱེད་པ་བཅས“སྔ་མོ་བཞིའི་བྱེད་ཐབས”དོན་འཁྱོལ་བྱེད་པའི་ནང་དོན་གལ་ཆེན་ཞིག་རེད། གཞན་ཡང་གཅིག་བསྡུས་ལོགས་བཀར་གྱིས་མངའ་ཁོངས་སུ་ཡོང་བའི་མི་སྣ་དང་ཉེན་ཁ་ཆེ་བའི་ས་ཁུལ་གྱི་མི་སྣར་དུས་ཐོག་ཏུ་ལོགས་བཀར་དང་ཚོད་འཛིན་བྱས་ཏེ། ཁྱིམ་ཚང་གི་ཁོངས་མིར་གཅིག་བསྡུས་སྒོས་ནད་མི་འགོ་བ་དང་སྡེ་ཁུལ་དུ་མི་ཁྱབ་པར་བྱེད་དགོས།
གཅིག་བསྡུས་ལོགས་བཀར་བྱེད་མཁན་ལ། ལོགས་བཀར་བྱེད་པའི་རིང་དུ་གཟབ་ནན་གྱི་བདེ་ཐང་ལྟ་ཞིབ་ཚད་ལེན་དང་ཉིང་སྐྱུར་བཤེར་འཇལ་བྱས་ན། སྔ་མོ་ནས་བརྟག་དཔྱད་དང་སྔ་མོ་ནས་སྨན་བཅོས་བྱེད་ཆོག་པས། ནད་གཞི་འགོར་འགྱངས་མི་ཡོང་བ་བྱེད་ཐུབ།
མི་གཞན་ལ། འགོས་ནད་ཀྱི་ཉེན་ཁ་ཅུང་ཆེ་བའི་འབྲེལ་འདྲིས་བྱེད་མཁན་དང་། འབྲེལ་འདྲིས་བྱེད་མཁན་ཕལ་བ། མངའ་ཁོངས་སུ་ཡོང་བའི་མི་སྣ། ཉེན་ཁ་ཆེ་འབྲིང་ས་ཁུལ་བཅས་ཀྱི་མི་སྣ་ལོགས་སུ་བཀར་ནས་ནད་དུག་སྔར་བས་མཆེད་པར་ཚོད་འཛིན་བྱེད་ཐུབ་པ་དང་། རིམས་ནད་མཆེད་པ་ཚོད་འཛིན་བྱས་ཏེ་སྡེ་ཁུལ་གྱི་མི་མངོན་པའི་འགོ་ནད་ཀྱི་འབྱུང་རྩ་མཐའ་དག་མེད་པར་བཟོ་བར་ཁག་ཐེག་བྱེད་དགོས།
གཅིག་བསྡུས་ལོགས་བཀར་བྱེད་སྐབས་གང་དག་ལ་དོ་སྣང་བྱེད་དགོས།
1
ལོགས་བཀར་གྱི་བརྡ་ཐོ་འབྱོར་རྗེས། ལོགས་བཀར་བྱེད་དགོས་མཁན་གྱིས་མགྱོགས་མྱུར་ངང་རང་ཉིད་ལ་དགོས་ངེས་ཀྱི་འཚོ་བའི་དངོས་རྫས་དང་སྨན་རྫས(ལྷག་པར་བགྲེས་སོང་དང་། བྱིས་པ། རྨང་གཞིའི་ནད་རིགས་ཡོད་པ་བཅས་ཀྱི་མི་སྣ)ལེགས་སྒྲིག་བྱས་ཏེ། གྱོན་ཆས་བདེ་མོ་གྱོན་ནས་རིམས་འགོག་མི་སྣའི་ཁྲིད་སྟོན་ལྟར་ཆེད་སྤྱོད་རླངས་འཁོར་ལ་བསྡད་ནས་ལོགས་བཀར་བྱེད་སར་བསྐྱོད་དགོས། སྐྱེལ་འདྲེན་སྐབས་སུ། བར་ཆོད་སར་བསྡད་ནས། ཚད་ལྡན་ངང་ཁ་ཐུམ་རྒྱག་པ་དང་རིམས་འགོག་དངོས་རྫས་གཞན་དག་གྱོན་ནས། གང་ཐུབ་ཀྱིས་རླངས་འཁོར་གྱི་ཅ་ལག་སོ་སོའི་ཕྱི་ངོས་སུ་ཐུག་རེག་མི་བྱེད་པ་དང་།ཕན་ཚུན་ཁ་བརྡ་བྱེད་མི་རུང་།
2
གཅིག་བསྡུས་ལོགས་བཀར་ས་ཚིགས་སུ་འབྱོར་རྗེས། རིམས་འགོག་མི་སྣའི་བླང་བྱ་ལྟར། གོ་རིམ་ཡོད་པའི་སྒོ་ནས་རླངས་འཁོར་ལས་བབས་ཏེ། རང་གི་ལམ་ཆས་དང་དངོས་རྫས་ཁྱེར་ནས། རིམས་འགོག་མི་སྣའི་སྣེ་ཁྲིད་འོག་མགྱོགས་མྱུར་གྱིས་རང་གི་ལོགས་བཀར་ཁང་པའི་ནང་དུ་སྡོད་དགོས།
3
ཁང་པའི་ནང་བསྡད་རྗེས་རིམས་འགོག་མི་སྣས་བརྡ་འཕྲིན་ཐོ་འགོད་སོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། གསལ་བརྡའི་ཡི་གེར་ནན་ཏན་ངང་ལྟ་བ། ཕྱོགས་སྟོན་སོགས་དང་ལྷག་པར་ལོགས་བཀར་བྱེད་ཡུན་གྱི་དོ་དམ་བྱ་ཐབས་ལ་གཞོགས་འདེགས་བྱེད་དགོས།
4
ལོགས་བཀར་བྱེད་རིང་ཟ་མ་ལེན་པ་དང་། གད་སྙིགས་འཕེན་པ། ལུས་པོའི་དྲོད་ཚད་ལྟ་ཞིབ་ཚད་ལེན་བྱེད་པ། ཉིང་སྐྱུར་བཤེར་འཇལ་བྱེད་པ་སོགས་ཀྱི་གནས་ཚུལ་ཕུད་དགོས་ངེས་མེད་ཚེ་སྒོ་མི་འབྱེད་ཅིང་། སྒོ་འབྱེད་སྐབས་ངེས་པར་ཁ་ཐུམ་བརྒྱབ་ནས་ཁང་པའི་ནང་ལོག་རྗེས་དུས་ཐོག་ཏུ་ལག་པར་གཙང་སྦྲ་ཡག་པོ་བྱས་ཏེ། བར་ཁྱམས་སུ་འཆམ་འཆམ་དང་། མི་གཞན་དང་སྐད་ཆ་བཤད་པ། དངོས་ཟོག་བརྗེ་རེས་བྱེད་པ། ཁྱིམ་ཚང་གཞན་དུ་འགྲོ་བ་སོགས་ཀྱི་བྱ་སྤྱོད་གཏན་འགོག་བྱེད་དགོས།
5
ལས་དོན་མི་སྣར་གཞོགས་འདེགས་བྱས་ནས་ཉིང་སྐྱུར་གྱི་མ་དཔེ་ལེན་པ་དང་ལུས་པོའི་དྲོད་ཚད་དང་ནད་རྟགས་གཞན་དག་ལ་ལྟ་ཞིབ་ཚད་ལེན་བྱེད་དགོས། གལ་ཏེ་ཚ་བ་རྒྱས་པ་དང་། གློ་ལུ་བ། མིད་པ་ན་བ། སྣ་ཚོར་དང་ལྕེ་ཚོར་ཉམས་པ། ཕོ་བ་ན་བ། མགོ་ན་བ། སྐྱུག་པ་སོགས་ཀྱི་ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་ལས་དོན་མི་སྣར་སྙན་སེང་ཞུ་དགོས།
6
ལོགས་བཀར་བྱེད་པའི་རིང་དུ་ཁང་པའི་གཙང་སྦྲ་རྒྱུན་འཁྱོངས་དང་། དུས་ལྟར་ཁང་པའི་ནང་ལས་ལེགས་སྒྲིག་བྱས་ཏེ། ཉིན་རེར་སྔོན་འགོག་རང་བཞིན་གྱི་དུག་སེལ་ཐེངས་གཅིག་དང་། སྒེའུ་ཁུང་ཕྱེ་ནས་ཆུ་ཚོད་ཕྱེད་ཀ་ཡན་ལ་རླུང་རྒྱུ་རུ་འཇུག་དགོས། ལོགས་བཀར་ཁང་པའི་ནང་ཐོན་པའི་གད་སྙིགས་ཚང་མ་སྨན་བཅོས་སྙིགས་རོ་བསྡུ་རུབ་ཁུག་མའི་ནང་འཇུག་དགོས་པ་དང་གད་སྙིགས་མ་འཕང་གོང་འགྱིག་སྣོད་ཀྱི་ཁ་དམ་པོར་བསྡམས་ནས་དམིགས་འཛུགས་བྱས་པའི་གནས་སུ་འཇོག་དགོས།
7
ལོགས་བཀར་དུས་ཡུན་ནང་དུ་སེམས་ཁམས་སྐྱིད་པོ་ཡོང་བར་དོ་སྣང་བྱེད་དགོས། གལ་ཏེ་ཡིད་ཐང་ཆད་པའམ་ཡང་ན་གཞན་པའི་སེམས་ཁམས་ཀྱི་གནད་དོན་ཡོད་ཚེ། དུས་ཐོག་ཏུ་ལོགས་བཀར་ས་ཚིགས་ཀྱི་ལས་སྒྲུབ་མི་སྣར་འབྲེལ་གཏུག་བྱེད་དགོས།