སྒེའུ་ཁུང་ཕྱེ་ནས་ཁང་བའི་ནང་ལ་རླུང་རྒྱུ་རུ་འཇུག་ཐབས་ཡང་དག་བསླབ་པར་བྱ།
གཅིག ཁྱིམ་གྱི་སྒེའུ་ཁུང་རྒྱུན་དུ་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས་དོན་ཅི་ཡིན།
ཁང་པའི་ནང་ཁ་རུབ་ཡིན་ཅིང་། ནད་འབུ་སྐྱེ་འཕེལ་འབྱུང་སླ་བས་ན། མིའི་ལུང་ཕུང་ལ་ནད་ཡམས་འགོ་བའི་ཉེན་ཁ་ཡོད། དུས་ལྟར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་བཅུག་ན། ཁང་པའི་ནང་གི་མཁའ་དབུགས་ཇེ་ལེགས་སུ་འགྲོ་ཐུབ་པར་མ་ཟད། ཁང་བའི་ནང་གི་ནད་སྐྱེད་སྐྱེ་དངོས་ཕྲ་མོ་དང་བཙོག་དངོས་གཞན་པའི་འདུས་ཚད་ཇེ་ཉུང་དུ་གཏོང་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་དང་གནོད་ལྡན་རླུང་གཟུགས་གཞན་པའི་འདུས་ཚད་ཀྱང་མར་ཕབ་ཐུབ། དེ་ལས་གཞན་ཉི་འོད་ཁྲོད་ཀྱི་སྨུག་ཕྱིའི་འོད་ལ་དུག་སེལ་གྱི་ནུས་པ་ལྡན་པ་ཡིན།
གཉིས། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་ལ་ཆེས་འཚམ་པའི་དུས་ཡུན་ཅི་ཙམ་ཡིན།
ཆ་རྐྱེན་ལྡན་ན་ཉིན་རེར་ཐེངས་གཉིས་ནས་གསུམ་ལ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས་པ་དང་། ཐེངས་རེའི་རླུང་རྒྱུ་བའི་དུས་ཚོད་སྐར་མ་བཅོ་ལྔ་ལས་ཉུང་མི་རུང་། དྲོད་ཚད་འོས་འཚམ་ཡིན་ན་སྒེའུ་ཁུང་ཡུན་རིང་ལ་ཕྱེ་ནས་བཞག་ཆོག གྲང་ངར་ཆེ་བའི་སྐབས་སུ། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་སྐབས་ལུས་པོ་འཁྱགས་པར་གཟབ་དགོས།
གསུམ། དུས་ཚོད་མི་འདྲ་བའི་ནང་ལ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་སྐབས། མཉམ་འཇོག་དགོས་ས་གང་དག་ཡོད།
ནངས་མོར་ལངས་མ་ཐག་རླུང་རྒྱུ་རུ་འཇུག་པ།
ནངས་མོར་ཡར་ལངས་སྐབས། ཁང་པའི་ནང་ལ་དབྱང་གཉིས་ཐཱན་འགྱུར་མང་དུ་འཕེལ་ནས་དབྱང་རླུང་འདུས་ཚད་ཇེ་ཉུང་དུ་ཕྱིན་ཡོད་པ་རེད། སྐབས་འདིར་སྒེའུ་ཁུང་ཕྱེ་ནས་ཁང་བའི་ནང་ལ་མཁའ་དབུགས་གཙང་མ་རྒྱུ་རུ་འཇུག་དགོས།
ཟ་མ་ཟོས་རྗེས་རླུང་རྒྱུ་རུ་འཇུག་པ།
ཟ་མ་གཡོ་སྐོལ་བྱེད་པའི་སྐབས་སུ་སྣུམ་དུད་འཐེན་འཁོར་བསྐོར་དགོས་པར་མ་ཟད་སྒེའུ་ཁུང་ཡང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས།དེས་ཁང་བའི་ནང་གི་མཁའ་དབུགས་འཁོར་རྒྱུག་བྱེད་ཐུབ་པ་ཡིན། ཟ་མ་ཟོས་ཚར་བའི་རྗེས་ལ་ད་དུང་མུ་མཐུད་ནས་སྐར་མ་བཅུ་ལ་སྒེའུ་ཁུང་ཕྱེ་ནས་བཞག་ན། ཇ་ཁང་ནང་གི་སྣུམ་དུད་ཕྱིར་འཕུད་ཐུབ་པ་ཡིན།
ཁང་པར་གད་དར་བྱེད་སྐབས་རླུང་རྒྱུ་རུ་འཇུག་པ།
ཁང་པར་གད་དར་བྱེད་སྐབས་འབུ་ཕྲ་དང་ས་རྡུལ། གློག་ཤུ་ལ་སོགས་ཁང་པའི་མཁའ་དབུགས་ནང་འཕྱོ་སྲིད་པས། སྐབས་འདིར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་དགོས་ཤིང་། ཁ་ཐུམ་བརྒྱབ་ནས་བཙོག་དངོས་རྔུབ་པར་གཟབ་དགོས།
མ་ཉལ་སྔོན་ལ་རླུང་རྒྱུ་རུ་འཇུག་པ།
དགོང་མོ་མ་ཉལ་སྔོན་ལ་སྐར་མ་བཅོ་ལྔར་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་བཅུག་ན། ཁང་པའི་ནང་གི་དབྱང་རླུང་འདུས་ཚད་ཇེ་མང་དུ་སོང་ནས་གཉིད་བདེ་བ་ལ་ཕན།
བཞི། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པ་ལ་ཆེས་བཟང་བའི་དུས་ཚོད་ནམ་ཡིན།
ནངས་མོའི་དུས་ཚོད8:00—11:00བར་དང་། ཕྱི་དྲོའི་དུས་ཚོད13:00—16:00བར་ཡིན། གནས་སྐབས་འདི་གཉིས་ལ་རླུང་ཁམས་ཀྱི་རྒྱུ་བ་བཟང་ཞིང་བཙོག་དངོས་འདུས་ཚད་ཅུང་དམའ་ལ། ཉིན་གཅིག་གི་དྲོད་ཚད་ཅུང་མཐོ་བའི་སྐབས་ཀྱང་ཡིན། སྒེའུ་ཁུང་མ་ཕྱེ་སྔོན་ལ་ལྭ་བ་ཇེ་མཐུག་ལ་གཏང་དགོས་ལ། སྒེའུ་ཁུང་གི་འགྲམ་དུ་མི་འདུག་མི་ཉན། དྲོས་འཁྱགས་འབྱུང་བ་ལ་གཟབ་གཟབ་བྱ་དགོས། ཉི་མ་དྲོ་དུས་རླུང་རྒྱུ་རུ་འཇུག་ཐེངས་ཇེ་མང་དུ་བཏང་ཆོག
ལྔ། གནམ་གཤིས་ག་འདྲའི་འོག་ཏུ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་མི་འཚམ།
སྨུག་རྡུལ་འཐིབས་པའི་གནམ་གཤིས།
སྨུག་རྡུལ་དང་བྱེ་རྡུལ་འཐིབས་པའི་གནམ་གཤིས་ཡོད་པའི་སྐབས་སུ་ཕྱིའི་མཁའ་དབུགས་ལ་སྦགས་བསླད་ཐེབས་པ་ཅུང་ཚབས་ཆེ་བས་སྒོ་དང་སྒེའུ་ཁུང་གཏན་དགོས།
ཆར་འབབ་པའི་གནམ་གཤིས།
ཆར་བ་འབབ་པའི་དུས་ལ་མཁའ་དབུགས་ཁྲོད་ཀྱི་བཙོག་དངོས་ཐིམ་ཡལ་དུ་འགྲོ་མི་ཐུབ་པར་མ་ཟད། རློན་པར་གྱུར་ནས་མར་འབབ་སྲིད་པས་མཁའ་དབུགས་སྔར་བས་ཀྱང་བཙོག་པོར་བསྒྱུར་སྲིད། དེ་བས་གནམ་ཐང་ནས་མཁའ་དབུགས་དྭངས་གཙང་དུ་གྱུར་དུས་ད་གཟོད་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་བཅུག་ཆོག
རླུང་ཆེན་གཡུག་པའི་གནམ་གཤིས།
རླུང་ཆེན་གཡུག་དུས་ས་རྡུལ་གྱིས་ཁེངས་པ་དང་མཁའ་དབུགས་ཁྲོད་ཀྱི་བཙོག་དངོས་གང་སར་ཁྱབ་སླ་བས། རླུང་ཤུགས་རིམ་པ་ལྔའི་ཡན་གྱི་སྐབས་སུ་སྒེའུ་ཁུང་གཏན་དགོས་པ་དང་། རླུང་ཤུགས་ཅུང་ཇེ་གཉོམ་དུ་སོང་རྗེས་སྒེའུ་ཁུང་ལ་སྲུབས་ཀ་ཆུང་ཆུང་ཞིག་ཕྱེ་ཆོག
དྲུག ཁྱིམ་དུ་མཁའ་དབུགས་གཙང་སྒྱུར་འཕྲུལ་ཆས་ཉོས་ཡོད་ན་རྒྱུན་དུ་སྒེའུ་ཁུང་ཕྱེ་དགོས་སམ།
ཁྲོམ་རའི་ནང་གི་མཁའ་དབུགས་གཙང་སྒྱུར་འཕྲུལ་ཆས་མང་ཆེ་བས་འཚག་རྒྱག་པའི་ཐལ་རྡུལ་སེལ་ཐབས་བཀོལ་ཡོད་པས་དུག་སེལ་གྱི་ནུས་པ་མེད། དེ་བས་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་བཅུག་ན་བཟང་། སྨུག་རྡུལ་འཐིབས་ནས་མཁའ་དབུགས་སྤུས་ཚད་ཧ་ཅང་བཙོག་པ་དང་བཙོག་འགྱུར་ཚབས་ཆེན་བཟོས་ཡོད་པའི་སྐབས་སུ་སྒེའུ་ཁུང་མ་ཕྱེ་ན་བཟང་། ཁྱིམ་དུ་མཁའ་དབུགས་གཙང་སྒྱུར་འཕྲུལ་ཆས་བཀོལ་ན་ཕན་པ་ངེས་ཅན་ཞིག་ཡོད་པ་ཡིན།
བདུན། ཁྱིམ་དུ་དྲོད་སྙོམ་འཕྲུལ་ཆས་བཀོལ་ན། སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་བཅུག་པའི་ཚབ་ཉན་ནམ།
ཁྱིམ་ལ་དྲོད་སྙོམ་འཕྲུལ་ཆས་བཀོལ་སྤྱོད་བྱེད་པ་དེ་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་པའི་ཚབ་མི་ཉན། ཁྱིམ་དུ་བཀོལ་སྤྱོད་བྱེད་བཞིན་པའི་དྲོད་སྙོམ་འཕྲུལ་ཆས་དེ་རླུང་འཁོར་དང་རླུང་འདྲེན་སྦུ་གུ་ཁ་ཁར་ཡོད་པ་ཅན་ཡིན་ན། མཁའ་དབུགས་དེ་དྲོད་སྙོམ་འཕྲུལ་ཆས་བརྒྱུད་རྗེས་ཁང་བའི་ནང་ནས་འཁོར་རྒྱུག་བྱེད་པ་ཡིན་པས་སྒེའུ་ཁུང་ཕྱེ་ནས་རླུང་རྒྱུ་རུ་འཇུག་རྒྱུ་གལ་ཆེ།