ང་ཚོའི་མི་ཚེའི་སུམ་ཆ་གཅིག་ཙམ་གཉིད་ལོག་གི་ཁྲོད་སྐྱེལ་བཞིན་ཡོད་ལ། གཉིད་ལོག་པ་ནི་མིའི་ལུས་སེམས་གཉིས་ཀ་ངལ་དུབ་སེལ་བའི་བརྒྱུད་རིམ་ཞིག་ཡིན། གཉིད་ཡིད་ཚིམ་པར་ལོག་ན་སེམས་ལྷོད་ལ་འབབ་ཅིང་ལུས་ཀྱི་ངལ་དུབ་སེལ་བར་མ་ཟད་རླུང་ཁྲག་གི་རྒྱུ་བ་སྙོམས་ཞིང་དྲན་པ་གསོ་བ། ལུས་ཀྱི་སྟོབས་བསྐྱེད་ལ་བཀྲག་མདངས་ཀྱང་རྒྱས་པར་བྱེད།
གཉིད་ཚིམ་པར་ལོག་པ་ནི།
གཅིག གཉིད་ཁུག་སླ་བ།
མཚན་མོ་མལ་སྟེང་ཉལ་ནས་གློག་སྒོ་གཟིམ་རྗེས། སྐར་མ་༡༠ནས་༢༠ཡས་མས་སུ་གཉིད་ཁུག་ཐུབ་པ།
གཉིས། གཉིད་མཐུག་པ།
གཉིད་དུས་དབུགས་ཀྱི་རྒྱུ་བ་རིང་ལ་སྙོམ་པ། གཉིད་ལས་སད་དཀའ་བ།
གསུམ། གཉིད་ལས་དཀྲོགས་པའམ་སད་པ་མེད་པ།
མཚན་དུས་ཡར་ལངས་ཏེ་བཤང་གཅི་གཏོང་མི་དགོས་ལ་ཡང་ན་ཐེངས་གཉིས་མན། དེ་མིན་རྨི་ལམ་གྱིས་དངངས་ནས་གཉིད་དཀྲོགས་པ་སོགས་མེད་པ། གཉིད་ལས་སད་རྗེས་རྨི་ལམ་གྱི་ནང་དོན་སོགས་མི་དྲན་པ།
བཞི། ནངས་མོ་མལ་ལས་ལངས་སླ་བ།
ནང་མོ་མལ་ལས་ལངས་དུས་ལུས་ཀྱི་ངལ་དུབ་སེལ་ཞིང་ཤེས་པ་གསལ་ལ་བྱ་བའི་ལས་ལ་འཇུག་པར་འདོད་པ། ཉིན་པར་གཉིད་མི་འཐིབས་པ།
གཉིད་ཡེར་བར་རྟགས་གང་འདྲ་མངོན།
གཉིད་ཡེར་བ་ནི་མཚན་མོ་གཉིད་མི་ཁུག་པ་དང་གཉིད་ཡང་བའམ་གཉིད་སྲབ་པ་སྟེ་ཡང་ནས་ཡང་དུ་སད་པ། ཡང་ན་སད་རྗེས་སུ་བསྐྱར་དུ་གཉིད་མི་ཐུབ་པ། གཉིད་ཉམས་པ་དང་གཉིད་ཡུན་ཐུང་བ་སོགས་ཀྱི་ནད་རྟགས་མངོན།
གཉིད་ཡེར་བར་རྟགས་མི་འདྲ་བ་བདུན་མངོན།
གཅིག གཉིད་མི་ཁུག་པ།
མལ་སྟེང་ཉལ་རྗེས་ནས་གཉིད་ཁུག་བར་དུ་སྐར་མ་༣༠བརྒལ་བ།
གཉིས། གཉིད་སྲབ་པ།
གཉིད་སད་སླ་ལ་མཚན་མོ་གཉིད་ལས་སད་ཐེངས་མང་བའམ་སད་རྗེས་སུ་གཉིད་སངས་བའི་དུས་ཚོད་རིང་བ།
གསུམ། གཉིད་ཡང་བ།
གཉིད་མཐུག་པོར་ལོག་མི་ཐུབ་པར་ཡང་བ་སྟེ་རྣམ་རིག་གསལ་བ།
བཞི། རྨི་ལམ་མང་བ།
རྨི་ལམ་ཟ་ཟི་མང་བ་སྟེ་མཚན་གང་བོ་རྨི་ལམ་རྨི་བར་སྣང་བ། དངངས་ནས་ཡང་ཡང་དཀྲོག་པ།
ལྔ། གཉིད་ལས་སངས་སྔ་བ།
ནངས་མོ་གཉིད་ལས་སངས་དུས་ཆུ་ཚོད་གཅིག་གིས་རྒྱུན་ལྡན་ལས་སྔ་བ།
དྲུག། གཉིད་ཡུན་ཐུང་བ།
དར་མས་མཚན་གང་གི་གཉིད་ཡུན་ཆུ་ཚོད་༥ལས་ཉུང་བ།
བདུན། ངལ་དུབ་མི་སེལ་བ།
ནམ་ལངས་ཉི་ཤར་གྱི་བར་དུ་གཉིད་ཡང་ཉིན་ཧྲིལ་བོ་སྒྱིད་ལུག་ལ་བྱ་བ་འཇུག་པའི་སྟོབས་ཤུགས་ཞན་པ།
གཉིད་ཡེར་བ་ཇི་ལྟར་སློང་བ་ཡིན་ནམ།
གཉིད་ཡེར་བ་སློང་བའི་རྐྱེན་འདྲ་མིན་སྣ་ཚོགས་མངོན།
༡ ནད་ཀྱི་དབང་གིས། ཁྲག་མཁྲིས་ཚ་བ་རྒྱས་དྲགས་པས་ཡེར་བ། རླུང་དང་མཁྲིས་པ་འཕེལ་ནས་གཉིད་ཆུང་བ། ཚིལ་ཟད་ནས་གཉིད་ཆུང་བ། སྟོངས་ཚད་དང་རིམས་ཚད། གཟེར་ཐུང་། འབྲུམ་བུ་སོགས་ཀྱིས་གཉིད་ཆུང་ཞིང་དངངས་བ། ཡང་ན་སྙིང་རླུང་དང་སྙིང་འཕྱོས། སྙིང་ལ་ཆུ་སེར་བབས་པ། རྩ་དཀར་དང་གདོད་ནད་སོགས་ཀྱིས་གཉིད་ཆུང་བ་བཅས་རླུང་ནད་གྲིབ་རིགས་ཀྱི་ནད་རིགས་ལ་མཚན་གཉིད་ཆུང་བའམ་ཡེར་བའི་རྟགས་མཆིས།
༢ གཉིད་ལོག་པའི་ཁོར་ཡུག་མི་འཛོམས་པ། དཔེར་ན་མལ་ཁང་གི་གློག་འོད་སོགས་གསལ་དྲག་པ། ཁང་བའི་དྲོད་ཚད་ཆེ་དྲགས་པའམ་གྲང་དྲགས་པ་སྟེ་དྲོད་ཚད་མི་སྙོམས་པ། ཡང་ན་རློན་དྲགས་པའམ་སྐམ་དྲག་པ། ལྷིང་འཇགས་ཀྱི་གནས་མིན་པར་ཟང་ཟིང་ཆེ་བ་བཅས་ཁོར་ཡུག་གི་ཆ་རྐྱེན་མི་འཛོམས་པ།
༣ གཉིད་ཀྱི་གོམས་གཤིས་མི་ལེགས་པས་རྐྱེན། དཔེར་ན། གཟའ་མཇུག་སྐབས་སུ་གཉིད་དྲགས་པ། ཉིན་པར་གཉིད་དྲག་པ། ཉལ་ཁར་ཟས་སྐོམ་མང་དུ་བསྟེན་ནས་འགྲང་དྲག་པ། ཁ་པར་སོགས་གློག་ཆས་ཀྱི་རིགས་ལ་བལྟ་དྲག་པ། དྲག་ཤུལ་གྱི་ལས་དང་སེམས་ལས་དྲག་པ་སོགས་ཀྱིས་གཉིད་ཆུང་བའམ་གཉིད་ཡེར་བ་སློང་།
གཉིད་འགུག་པའི་ཐབས།
གཅིག གཉིད་ཀྱི་གོམས་གཤིས་ལེགས་པོ་ཆགས་དགོས།
༡ རྒྱུན་པར་དུས་ལྟར་དུ་གཉིད་ལོག་པ་དང་མལ་ལས་ལངས་རྒྱུ། གཟའ་མཇུག་དང་ངལ་གསོ་སྐབས་སུ་ཡང་དེ་བཞིན་རྒྱུན་འཁྱོངས་བྱེད་དགོས།
༢ མཚན་མོ་ཐ་མག་འཐེན་པ་དང་ཁྰོ་ཧྥེ། ཇ་ནུར་བོ། ཆང་རག་འདྲེས་པའི་སྐོམ་ཆུའི་རིགས་སོགས་དབང་རྩ་དང་སྙིང་ལ་ཤུགས་འབྱིན་པའི་རིགས་བསྟེན་པ་སྤང་། ནུབ་ཇ་རན་པར་ཟས་ནས་འགྲང་དྲགས་པ་དང་ལྟོགས་དྲགས་པའི་རིགས་སྤང་།
༣ མལ་ཁྲི་སྟེང་ཉལ་རྗེས་བརྙན་འཕྲིན་དང་ཁ་པར་སོགས་གློག་ཆས་རིགས་སྤྱོད་པ་སྤང་།
༤ ཉིན་གཉིད་ལོག་པ་སྤང་བའམ་གཉིད་ཡུན་སྐར་མ་༣༠ནང་ཚོད་འཛིན་བྱ།
༥ རྩོལ་བཅག་དྲག་ཤུལ་གྱི་རིགས་སྤང་ནས་རྔུལ་དབྱུང་ཙམ་བཅག་དགོས།
༦ གཉིད་ལོག་པའི་ཁོར་ཡུག་འོས་འཚམས་སྐྲུན་དགོས་པ་དཔེར་ན། མལ་ས་བདེ་ལ་དྲོད་གྲང་སྙོམས་པ། མལ་གོས་འཇམ་ལ་སྲབ་མཐུག་རན་པ། སྔས་མགོའི་མཐོ་དམའ་རན་པ། སྒྲོན་མེ་དང་གློག་འོད་གསལ་དྲགས་པ་སོགས་སྤང་ནས་གཉིད་བདེ་བར་ལོག་རྒྱུ།
གཉིས། ནང་དོན་ཡག་ལ་འབྲས་བུ་ཕུན་སུམ་ཚོགས་པའི་གནའ་སྒྲུང་ལ་ཉན་པ། དཔེ་ཆ་ཀློག་པ། དེའི་ཕྱོགས་སུ་བསམ་བློ་འཁོར་བ། སེམས་སུ་གྲངས་འདྲེན་པ་དང་ཡང་ན་རོལ་དབྱངས་དང་ཆོས་དབྱངས་སྙན་ཞིང་འཇེབས་པ་ལ་ཉན་པ། ཡན་ལག་བདེ་བར་བརྐྱང་ཞིང་སྙོམས་པོའི་རྣམ་པས་ཉལ་བ། ཉལ་ཁར་འོ་མ་དྲོ་འཇམ་འཐུང་བ། ཁྲུས་བྱེད་པ། རྐང་པ་ཆུ་དྲོན་ནམ་བདུད་རྩི་ལྔ་ལུམས་ཀྱིས་སྦང་བ། རླུང་སྤོས་བདུག་པ། སྣུམ་བྱུག་པ་སོགས་བྱས་ནས་གཉིད་དགུག་པར་བྱ། དེས་ཀྱང་མ་ཕན་ན་སུག་སྨེལ་སུམ་ཐང་། ཨ་གར་ཉི་ཤུ། ཨ་གར་སོ་ལྔ། བི་མ་ལ་སོགས་བསྟེན་པའམ་སྨན་ཁང་དུ་ཕྱིན་ཏེ་ཆེད་བཅོས་ཚན་ཁག་ཏུ་བརྟག་བཅོས་གསལ་བོ་བྱེད་དགོས།
རྩོམ་ཞུས། ཤིན་ཞའོ་ཀོང་།
审 核: 辛晓光
རྩོམ་ཁུངས། རླུང་ནད་གྲུབ་རིགས་ཚན་ཁག
供 稿:神志病科
རྩོམ་སྒྲིག དྲིལ་སྒྲོག་འཐབ་གཅིག་ཚན་ཁག
编 辑: 宣传统战科