མཁལ་ནད་འབྱུང་བའི་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད།
༡ གཞུང་ལས། མཁལ་ནད་ནི་ཁྲག་ནད་སྨད་བབས་ཀྱི་རྒྱུ་སོགས་ལས་འབྱུང་།། ཞེས་གསུངས། དེ་ནི་དུས་རྒྱུན་ཆང་དང་ཙོང་སྒོག ཞོ་དང་ཁ་ཟས་སྐྱུར་མོའི་རིགས་བསྟེན་པ་སོགས་ཀྱིས་མཆིན་པར་ངན་ཁྲག་རྒྱས། དེ་རིམ་བཞིན་དྭངས་སྙིགས་འབྱེད་མ་ནུས་པར་རྩ་མིག་འགྲིམ་ནས་མཁལ་མར་བབས། མཁལ་མས་ཀྱང་དྭངས་སྙིགས་ཚུལ་བཞིན་འབྱེད་མ་ནུས་པས་མཁལ་ནད་མང་པོ་འབྱུང་བཞིན་ཡོད་པས་རྒྱུ་དེ་དག་སྔོན་འགོག་བྱེད་རྒྱུ་གལ་ཆེ།
༢ གཞུང་ལས། རླན་ལ་འདུག་དང་ཆུ་ཡི་ལས་ལས་བྱུང་།། ཞེས་གསུངས། དེ་ནི་དུས་རྒྱུན་ལུས་ཁམས་འཁྱགས་སར་སྡོད་པ། ཆུ་ལས་མང་དུ་བྱ་བ། སྐོམ་ཆུ་དང་འཁྱགས་ཟས་རིགས། མངར་བ། ལན་ཚྭ་སོགས་མང་དུ་བསྟེན་པ་སོགས་མཁལ་མའི་དྲོད་ཉམས་ནས་མཁལ་ནུས་ཉམས་པ། མཁལ་མར་རྡོ་སྐྲན་དང་རྣག་སྐྲན་ཆགས་པ། མཁལ་ཆུ་བསག་པ་སོགས་མཁལ་ནད་མང་པོ་འབྱུང་བའི་རྐྱེན་དུ་འགྲོ་བས། གོང་གི་རྐྱེན་དེ་དག་ལ་གཟབ་རྒྱུ་གལ་ཆེ།
༣ གཞུང་ལས། རྒྱུ་ནི་བརྡབ་དང་མི་ཐེག་ཁུར་དང་བཏེགས།། ཞེས་གསུངས། དེ་ནི་མཆོང་ལྡིང་བྱེད་པ། མི་ཐེག་ཁུར་བ། སར་འགྱེལ་བ་སོགས་ཀྱིས་མཁལ་མའི་ཉེ་འཁོར་གྱི་རྩ་དང་ཆུ་རྒྱུས། མཁལ་འབྲས་བཅས་ལ་རྨས་སྐྱོན་བྱུང་ནས་སྒལ་ཚིགས་རུས་འགྱུར་བྱུང་བ། དེ་མིན་འགྲམས་ཁྲག་མཁལ་མའི་རྩ་དང་འབྲེལ་ནས་མཁལ་མར་བབས་ཏེ་མཁལ་ནུས་ཉམས་པ། མཁལ་མར་ཚད་པ་རྒྱས་པ། མཁལ་སྐྲན་སོགས་འབྱུང་སླ་བས་གོང་གི་རྐྱེན་འདི་དག་ལ་གཟབ་རྒྱུ་གལ།
(图片来源于网络,如有侵权请联系删除)
རྩོམ་ཞུས། པདྨ་རབ་བརྟན།
审 核: 万玛拉旦
编 辑:宣传统战科