པགས་ནད་གསོ་བ།
པགས་པར་ཟ་འཕྲུག་ལངས་པ་དང་དམར་སྐྲངས་སོགས་ཀྱི་ནད་རྟགས་འབྱུང་སྐབས། མི་མང་པོས་པགས་པའི་ཚོར་ཐལ་ཡིད་ལ་དྲན་སྲིད། དོན་དངོས་སུ། པགས་པའི་ཚོར་ཐལ་ནི་ནད་རིགས་ཤིག་མ་ཡིན་པར། མིའི་ལུས་པོས་ཚོར་ཐལ་དངོས་པོར་ཐུག་རྗེས། པགས་པར་ནད་རྟགས་མང་པོ་འབྱུང་བའི་སྤྱི་མིང་ཞིག་ཡིན།
པགས་པའི་ཚོར་ཐལ་མངོན་པའི་ནད་རིགས་ལ་པགས་ནད་དང་རློན་འབྲུམ། ཟྭ་འབྲུམ། སྨན་འབྲུམ་སོགས་ཡོད་ལ། ནད་པའི་པགས་པར་རྒྱུན་པར་ཟ་འཕྲུག་ལངས་པ་དང་ཚ་རྒྱས་པ། ན་བ། དམར་སྐྲངས་སོགས་ཀྱི་ནད་རྟགས་འབྱུང་སྲིད།
ཅི་ཞིག་ལ་འཕྲད་གཤིས་པགས་ནད་ཟེར་ཞེ་ན། འཕྲད་གཤིས་པགས་ནད་ནི་པགས་པའི་ཚོར་ཐལ་ཁྲོད་ཀྱི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན། དཔེར་ན། མི་འགའ་ཤས་ཀྱིས་བྱུག་རྫས་དང་སྐྲ་ཚོས་སོགས་སྤྱད་རྗེས་པགས་པར་མི་བདེ་བའི་ནད་རྟགས་འབྱུང་བ་དེ་ནི་འཕྲད་གཤིས་པགས་ནད་ཀྱི་རིགས་སུ་གཏོགས། འཕྲད་གཤིས་པགས་ནད་ནི་མིའི་ལུས་པོས་ཕྱི་ཁོངས་རང་བཞིན་གྱི་དངོས་པོར་ཐུག་རྗེས་བྱུང་བའི་མྱུར་གཤིས་དང་དལ་གཤིས་ནད་རྟགས་ལ་ཟེར།
ཞིབ་འཇུག་ལས་ཤེས་རྟོགས་བྱུང་བ་ལྟར་ན། གཤམ་གྱི་རྒྱུན་མཐོང་གི་དངོས་པོ་འདི་དག་གིས་འཕྲད་གཤིས་པགས་ནད་སློང་སྲིད། ཀོ་མཉེད་རྫས་དང་། ལྷམ་དང་གྱོན་ཆས་བཟོ་བར་སྤྱད་པའི་རྫས་འགྱུར་དངོས་རྫས་ཏེ། དཔེར་ན། ལག་ཤུབས་དང་ལྷམ། གྱོན་ཆས་སྟེང་གི་འགྱིག་རྫས་དང་དབྱང་འགྱུར་རྫས། ཚོས་རྫས་སོགས་ཡིན་ལ། དེ་མིན་བྱུག་རྫས་ཁྲོད་ཀྱི་སྐྲ་ཚོས་དང་སེན་རྩི། སེན་འཁྲུད་ཆུ། བརླན་སྲུང་སྨན། སྤོས་ཆུ། ཉི་འགོག་རྫས་སོགས་ཡིན།
འཕྲད་གཤིས་པགས་ནད་སྨན་བཅོས་དང་སྔོན་འགོག་གང་ཞིག་བྱེད་དགོས་རུང་། ཚོར་ཐལ་དངོས་པོ་དང་རྒྱང་དུ་བཀྱེད་རྒྱུ་ནི་གནད་འགག་ཅིག་ཡིན། པགས་པར་ཚོར་ཐལ་འབྱུང་བར་རྒྱུ་རྐྱེན་སྣ་མང་ཡོད་པས། ནད་པས་དངོས་པོ་གང་དག་གིས་ཚོར་ཐལ་འབྱུང་བ་གསལ་པོར་ཤེས་དགོས་ལ། པགས་པའི་ཁྲ་སྦྱར་ཚོད་ལྟ་ནི་འཕྲད་གཤིས་པགས་ནད་བརྟག་དཔྱད་ཀྱི་ཚད་ཤིང་ལྟ་བུ་ཡིན།
སྨན་བཅོས་ཀྱི་ཐད་ནས། འཕྲད་གཤིས་པགས་ནད་བྱུང་བའི་ནད་པ་ཡང་མོའི་རིགས་སྤྱིར་བཏང་དུ་ཉིན་འགའི་རྗེས་ནས་དྲག་སྐྱེད་འབྱུང་ཐུབ། གལ་ཏེ་ནད་རྟགས་ཅུང་ཚབས་ཆེ་བའི་རྐྱེན་གྱིས། པགས་པར་མངོན་གསལ་གྱི་དམར་ཐིག་དང་ཟ་འཕྲུག་ལངས་པ། ཆུ་སྐྲངས་སོགས་བྱུང་ཚེ། དུས་ཐོག་ཏུ་སྨན་བཅོས་བྱེད་དགོས་ལ། སྨན་པའི་མཛུབ་སྟོན་འོག་ཚོ་ཨེན་འགོག་སྨན་སོགས་འཐུང་ནས་སྨན་བཅོས་བྱེད་དགོས། །
ཀྱི་ལྕེ་ཉེར་ལྔའི་བྱུག་སྨན།